སྙིང་མོ། ཀློག་གྲངས། སྙིང་མོ།

༈ མཚམས་སྦྱོར་མདོར་བསྡུས།

         མདོ་སྨད་རིག་པ་འབྱུང་བའི་གྲོང་ཁྱེར་རེབ་གོང་གསེར་མོ་ལྗོངས་ནས་འཚར་ལོངས་བྱུང་བའི་གླུ་མ་སྙིང་མོ་ནི་མི་ཚེ་ལ་མོ་དབྱངས་ལ་བསྟིམས་པའི་གཞོན་སྐྱེས་གླུ་མ་ཞིག་ཡིན། ཆུང་དུས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་ཆེན་གྱི་སྒོ་ཐེམ་སྙེག་པའི་སྐལ་བ་མ་ལྡན་ནའང་རང་ཉིད་ཀྱི་ལྷད་མེད་སེམས་འདུན་གཙང་མ་སྙན་མོ་གླུ་ལ་བཅོལ་བ་དང་སྐྱིད་སྡུག་ལེགས་གཉིས་ལས་ཀྱི་རི་མོ་སྐད་ངག་སྙན་མོའི་གདངས་ཀྱིས་གྱེར། ཉིན་རྒྱུན་གྱི་འཚོ་བའི་བར་གསེང་ནས་ནང་མི་ཚོའི་ཡིད་ཀྱི་དྭངས་བ་འདྲེན་མཁན་ནི་ཁོ་མོའི་རྫ་ཆུ་བསིལ་མ་འདྲ་བའི་གླུ་སྐད་དེ་ཡིན་ལ་འཚོ་བའི་དགའ་སྡུག་གི་བར་གསེང་ནས་སེམས་ཀྱི་སྐྱོ་ངལ་ཞུ་རོགས་ནི་ཁོ་མོའི་གདོང་གི་ལྷད་མེད་ཡིད་འོང་གི་འཛུམ་གྱི་མདངས་མ་དེ་ཡིན་ནོ།

        གླུ་གཞས་སྒྱུ་རྩལ་ལ་དགའ་བའི་འདུན་པས་ལོ་དུ་མར་གླུ་ལེན་གསར་རྩོམ་ལ་ངལ་བ་བསྟིམས་པ་དང་ངལ་འབྲས་ལྟ་བུའི་གླུ་གཞས་ཁ་ཤས་ལ་ཡུལ་མི་སྤུན་ཟླ་གཙོ་བྱས་རི་སྡེ་ཕུ་ནུ་མིང་སྲིང་གིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར། རིམ་བཞིན་རྫོང་དང་ཁུལ་རིམ་པ་མི་སྒེར་གྱི་དགོང་འཚོགས་ཆེ་ཆུང་གང་རུང་དུ་ཞུགས་ནས་ལྟན་མོ་བ་མང་པོར་སྐད་ངག་སྙན་མོའི་ཡིད་ཀྱི་དྭངས་བ་བཀུག་པ་དང་སྐྱེ་འབྲས་ཡག་པོའི་མིག་གི་དབང་བོ་འཕྲོགས་པ་མྱོང་། དུས་དེ་ནས་བཟུང་ཁོ་མོའི་སྙན་དབྱངས་ཀྱི་འགྱུར་ཁུག་མདོ་སྨད་རིག་འབྱུང་གྲོང་ཁྱེར་ནས་ས་མཐོ་ལུང་གཟར་གྱི་ཡུལ་ལུང་ཀུན་ལ་གྲགས་པ་དང་སྙན་མཁན་སྟོང་ཕྲག་གི་རེ་བའི་དབྱངས་རྟར་གྱུར།

        ལོ་དུ་མའི་སྔོན་ནས་གླུ་གཞས་གསར་རྩོམ་གྱི་ལས་ལ་གཞོལ་བ་དང་ངལ་འབྲས་ལྟ་བུའི་གླུ་གཞས་ཁ་ཤས་ལ་དྲ་སྒང་སོ་སོ་རུ་རྡེབ་གྲངས་ཀྱང་ཚད་ངེས་ཅན་ཟིན་ཡོད་པ་མ་ཟད། ༼གངས་ལྗོངས་བུ་མོ་༽ལ་སོགས་ཀྱི་བསྐྱར་ལེན་ཁ་ཤས་ཤིག་ལའང་ཐོད་བརྒལ་རང་བཞིན་གྱི་དགའ་བསུ་ཐོབ་པ་དང་ཡང་ལེན་བསྐྱར་ལེན་གྱི་རེ་ཞུ་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་བ་རེད། ད་ལྟའང་ཉིན་རྒྱུན་གྱི་ལས་ཀའི་བར་གསེང་ནས་གསེར་ལས་ལྷག་པའི་དུས་ཚོད་དམ་འཛིན་གྱིས་ལས་དང་ལམ་གྱི་དགའ་བ་སྟེ་གླུ་གཞས་སྒྱུ་རྩལ་གྱི་རྨི་ལམ་མངོན་འགྱུར་འབྱུང་བར་བརྩོན་པ་ཧུར་ལེན་བྱེད་ཀྱིན་ཡོད།

        མདོར་ན། ཁོ་མོ་ནི་གླུ་གཞས་སྒྱུ་རྩལ་ལ་དགའ་བ་དང་ཕ་མེས་ཀྱི་ཡ་རབས་སྲོལ་བཟང་ལ་དུང་བའི་ཞིང་ཆུ་མ་རི་མའི་བར་གྱི་མདོ་སྨད་གསེར་ལྗོངས་ཀྱི་གསེར་གྱི་མེ་ཏོག་དེའོ།

        ཁོང་གི་གཞས་ལ་ཉན་ས། http://music.tibet3.cn/music/artist/2018-08-16/62.html