མཚོ་སྐྱིད། ཀློག་གྲངས། མཚོ་སྐྱིད།

༈ མཚམས་སྦྱོར་མདོར་བསྡུས།

བོད་ཀྱི་གཞས་མ་མཚོ་སྐྱིད་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ཁོངས་ཀོང་སྟོད་གནས་བཟང་བྲག་དཀར་ལྷ་ཆུའི་ཉེ་འདབས་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གསར་བྱུང་གཞས་མ་ཞིག་ཡིན་ལ། ཁོ་མོ་ནི་ཆུང་དུས་ནས་གླུ་གཞས་སྒྱུ་རྩལ་ལ་དུངས་བ་ཟབ་མོ་ཞིག་ཡོད་རྐྱེན་རང་ལོ་༡༦སྟེང་ནས་རང་ཉིད་ཀྱི་དགའ་ཕྱོགས་གླུ་གཞས་སྒྱུ་རྩལ་གྱི་ལམ་བུར་ཞུགས་ནས། གནའ་དེང་གི་གླུ་གཞས་སྒྱུ་རྩལ་ཁག་ལ་རྒྱུས་ལོན་དང་འབད་བརྩོན་ལྷོད་མེད་གནང་བར་བརྟེན། རང་ཉིད་ཀྱི་ཆེད་བསྒྲིགས་བརྙན་འཁོར་༼བདེ་སྐྱིད་ཁྱིམ་ཚང་༽དང་༼རྟེན་འབྲེལ༽ཞེས་པ་གཉིས་བསྟུད་མར་སྤེལ་བས། ཡིད་དབང་འཕྲོག་པའི་སྒྱུ་རྩལ་དང་། མཛེས་ཤིང་སྡུག་པའི་ལང་ཚོ། སྙན་ཞིང་འཇེབས་པའི་སྐད་ངག་སོགས་མ་ཚང་བ་མེད་པའི་ཁོ་མོ་ལ་ནི་དོ་སྣང་དང་དགའ་ཞེན་བྱ་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ། ཁོ་མོའི་སྙན་པ་ནི་རི་ཀླུང་ནས་གཙང་པོ་དང་། རྩྭ་ཐང་ནས་གྲོང་ཁྱེར་སོགས་སུ་ཁྱབ་སྟེ་མཐར་ཀུན་གྱིས་དགའ་ཞེན་ཆེ་སའི་གླུ་མ་ཞིག་ཏུ་གྱུར།

878012328895713088.jpg

ཕྱི་ལོ༢༠༡༣ལོར་༼ལྗོངས་ཡོངས་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་སྐབས་ནས་ཕུལ་བྱུང་གི་གཟེངས་རྟགས༽ཐོབ་པ་སོགས་བྱ་དགའ་དང་གཟེངས་རྟགས་ཡང་གྲངས་མང་ཐོབ་མྱོང་ཡོད་ལ། འཁྲབ་སྟོན་གྱི་སྐོར་ནས《星光大道》གཙོས་རྒྱལ་ཁབ་ཕྱི་ནང་གི་གླུ་གཞས་འགྲན་བསྡུར་ཆེ་ཆུང་མང་པོ་དང་། བོད་ཀྱི་ལོ་སར་དགོང་ཚོགས་སོགས་ལ་ཐེངས་མང་ཞུགས་པས། རྒྱ་ཆེའི་ལྟ་མཁན་དང་ཉན་མཁན་རྣམ་པས་གདེང་འཇོག་དང་དགའ་བསུ་ཚད་མེད་གནང་བ་མ་ཟད། བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་ཡང་ཡང་འཐོར་ཡོད།

ད་དུང་ཁོ་མོས་རྗེས་ཕྱོགས་ཡང་རང་གི་དགའ་ཕྱོགས་དང་བསྟུན་ནས་རོང་འབྲོག་མང་ཚོགས་རྣམས་ལ་ཡིད་ཀྱི་བརྟན་པ་འཕྲོག་པའི་གླུ་དབྱངས་སྒྱུ་རྩལ་གྱི་བརྩམས་ཆོས་གང་མང་ཞིག་སྤེལ་བའི་འཆར་གཞི་ཡོད་ཟེར་གྱིན་འདུག་གོ།།

ཁོ་མོའི་གཞས་ལ་ཉན་ས། http://music.tibet3.com/music/playlist/2016-05-19/277.html