རྟ་མགྲིན་ཚེ་རིང་། ཀློག་གྲངས། རྟ་མགྲིན་ཚེ་རིང་།

༈ མཚམས་སྦྱོར་མདོར་བསྡུས།

 སྤྱི་ལོ༡༩༨༦ལོར་བུ་སྟག་ལོ་བ་སྐད་ངག་ལྷན་སྐྱེས་སུ་སྙན་པ་ཞིག་བོད་དུ་སྐྱེས། ཁོའི་མིང་ལ་རྟ་མགྲིན་ཚེ་རིང་ཞེས་བཏགས་ཤིང་མདོ་སྨད་ལྷོ་རྒྱུད་ཀྱི་རྩྭ་ཐང་ཆེན་མོ་སྟེ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོ་ནི་ཁོའི་ཕ་ས་ཕ་ཡུལ་ཡིན། ལོ་ན་ཆུང་དུས་སུ་སློབ་གྲྭར་འགྲིམ་པའི་གོ་སྐབས་མ་ལྡན་ཡང་ཕྱུགས་རིགས་དཀར་ནག་གི་རྫི་བོ་ཆུང་ཆུང་བྱེད་པའི་ལོ་ཟླའི་ཁྲོད། ཁོ་རང་ནི་མི་རིགས་ཤིག་གི་དམངས་ཁྲོད་གླུ་གཞས་ཀྱི་བག་ཆགས་མཐུག་པའི་རང་བྱུང་ལྷུན་ཆགས་ཀྱི་ཁོར་ཡུག་ཅིག་ནས་ནར་སོན་པ་དང་། སྒྲ་སྡུད་འཁོར་ལོའི་ནང་གི་གླུ་དང་རྡུང་ལེན་སྣ་ཚོགས་ནི་ཁོའི་རྫི་རོགས་ཡིན་ཞིང་སྒྲ་ཐག་སྣ་ཚོགས་བརྩེགས་པའི་སྦྲ་ནག་གྲུ་བཞི་ནི་ཁོའི་རོལ་དབྱངས་ཀྱི་རྨི་ལམ་རྨི་ས་ཡིན།

རྟ་མགྲིན་ཚེ་རིང་རང་ལོ་༡༩ལ་སོན་སྐབས་རྒྱང་རིང་གི་རེ་སྨོན་དྲོན་མོ་རུམ་ལ་བཅུག་ནས་གཅིག་པུར་ཁྲིན་ཏུའུ་གྲོང་ཁྱེར་དུ་སོང་ཞིང་། རྡུང་ལེན་པ་བདུད་བྷེའི་༼བོད་ཀྱི་གླུ་གར་ཁང་༽ཞེས་པ་ནས་སློབ་གཉེར་དང་འཁྲབ་སྟོན་བྱས་ཏེ་ཕུགས་བསམ་ལ་གཤོག་པ་བཙུགས། གནས་དེ་རུ་ཁོ་རང་ལ་དགེ་རྒན་དམ་པ་བདུད་བྷེའི་ཁྲིད་སྟོན་དང་སྐུ་མགྲོན་རྣམ་པའི་ཐུགས་ཁུར་རྒྱབ་སྐྱོར་འོག་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་སྒྲ་དཀྲོལ་སྟངས་དང་ངག་འགུགས་ལུགས་ཐད་གྲུབ་འབྲས་གང་འཚམ་ཐོབ་པ་ནས་ད་ལྟའི་བར་དུ། རོལ་དབྱངས་དང་ལྷག་པར་དུ་ཨ་མདོའི་སྒྲ་སྙན་རྡུང་ལེན་ཕྱོགས་ལ་སློབ་སྦྱོང་བྱེད་པའི་གོམ་མཚམས་འཇོག་མ་མྱོང་།

སྤྱི་ལོ༢༠༠༦ལོར་ཁོའི་གླུ་གཞས་ཆེད་སྒྲིག་༼ང་དང་ཁ་བ་དཀར་པོ་༽ཞེས་པ་འགྲེམ་སྤེལ་བྱས་ཤིང་དེ་ནས་བཟུང་བོད་ཁམས་སུ་རྟ་མགྲིན་ཚེ་རིང་ཞེས་པའི་ཨ་མདོའི་སྒྲ་སྙན་རྡུང་ལེན་པ་ཞིག་ཁ་བ་དཀར་པོའི་བདེ་སྡུག་དབྱངས་སུ་འགུགས་པའི་གྲོགས་སུ་ཆས་ཡོད། དེ་ནས་བཟུང་ཁོའི་མི་ཚེའི་ཁ་ཕྱོགས་དང་སྒྱུ་རྩལ་གྱི་འཚོལ་སྙེག་ཡོད་ཚད་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་ཀློང་དུ་བསྟིམས་ཏེ་སློབ་སྦྱོང་གི་གོམ་སྟབས་སྔར་ལས་བརྟན་པོའི་ངང་མདུན་ནས་མདུན་དུ་སྤོས་སོང་།

རྟ་མགྲིན་ཚེ་རིང་གིས་མ་འོངས་ལོ་ཟླའི་ཁྲོད་དུ་གླུ་གཞས་ཀྱི་བརྩམས་ཆོས་ལེགས་པོ་གང་མང་བོད་ལ་འབུལ་ཐུབ་པའི་ཆོད་སེམས་བརྟན་པོ་བཅངས་ཡོད་ཟེར། བཀྲ་ཤིས་བདེ་ལེགས་ཞུའོ།།

ཁོང་གི་གཞས་ལ་ཉན་ས། http://music.tibet3.com/music/playlist/2016-04-04/274.html