བཀྲ་ཤིས་དབང་རྒྱལ། ཀློག་གྲངས། བཀྲ་ཤིས་དབང་རྒྱལ།

༈ མཚམས་སྦྱོར་མདོར་བསྡུས།

            བ་དོའི་བཀྲ་ཤིས་དབང་རྒྱལ།   མདོ་སྨད་རྔ་བ་ཁྱུང་མཆུ་རུ་སྐྱེས། ཆུང་དུས་ནས་དྲིན་ཅན་ཕ་མའི་བྱམས་བརྩེའི་འོག་སློབ་གྲྭར་འགྲིམ་ཞིང་རིམ་བཞིན་སློབ་ཆུང་དང་སློབ་འབྲིང་སློབ་ཆེན་སོགས་སློབ་མཐར་ཕྱིན།  སློབ་ཆུང་སྐབས་ནས་སློབ་གྲྭའི་གསུམ་བཟང་སློབ་མ་དང་འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་སོགས་ཀྱི་མཚན་སྙན་དང་གཟེངས་རྟགས་སོགས་ཐེངས་མང་པོར་ཐོབ།   2013ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན།    ཁོ་བོ་ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་དགའ་བ་དང་ལྷག་པར་བོད་ཀྱི་སྒྲ་སྙན་དཀྲོལ་ལེན་ལ་དུང་བ་ཧ་ཅང་ཟབ། དེ་བས་ཁོ་ཡིས་ཆུང་དུས་ནས་རང་སྦྱོང་ལ་བརྟེན་ནས་པི་ཝང་རྒྱུད་དྲུག་དང་མངའ་རིས་སྒྲ་སྙན་སོགས་ལ་མཁས་པར་སྦྱངས་ཤིང་སློབ་གྲྭ་དང་ཡུལ་ཚོ་སོགས་ནས་ཨ་མདོའི་སྒྲ་སྙན་དཀྲོལ་ལེན་ཐེངས་མང་བྱས་པས་སློབ་གྲྭའི་དགེ་སློབ་དང་ཡུལ་མི་ཚོས་ཁོ་ལ་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་བྱས།   དམའ་འབྲིང་སྐབས་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་ད་ལྟའི་བར་སྙན་རྩོམ་དང་དཔྱད་རྩོམ། སྒྲུང་གཏམ་སོགས་རྩོམ་ཡིག་མང་པོ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་བཀོད།    སློབ་ཆེན་ནས་སློབ་མཐར་ཕྱིན་པའི་རྗེས་ན་གཞོན་སྙན་ངག་པ་ཅོ་ནེ་ཡུམ་ཚེ་རིང་སོགས་དང་མཉམ་དུ་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་གློག་བརྙན་སྐད་སྒྱུར་གྱི་བྱ་བར་ཞུགས།   2010ལོ་ནས་སློབ་སྦྱོང་གི་ཞོར་དུ་བོད་ཕྱི་ནང་ན་སྐད་གྲགས་ཆེ་བའི་གླུ་བ་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་དང་གཡུ་རྩེའི་བུ་རྒྱུད་ཤེར་བསྟན་རྣམ་གཉིས་དགེ་རྒན་དུ་བསྟེན་ནས་ཨ་མདོའི་རྡུང་ལེན་དང་གླུ་དབྱངས་ལ་སྦྱང་བ་བྱས་པ་མ་ཟད། མངའ་རིས་སྒྲ་སྙན། རམ་དཀྲོལ་སོགས་ལ་ལོ་ངོ་དུ་མར་དཀའ་སྤྱད་སྡུག་རུས་ཀྱིས་གཟབ་སྦྱོང་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོབ།   དེའི་རྗེས་སུ་གླུ་གར་ཁང་དང་ལོ་སར་དགོངས་ཚོགས་སོགས་གར་སྟེགས་མང་པོ་འགྲིམ་པའི་གོ་སྐབས་ཐོབ་ཅིང་།  གར་སྟེགས་དེ་དག་ལས་ཁོ་བོས་མདོ་འཛིན་པ་དང་གཞས་པ། རམ་དཀྲོལ་པ་སོགས་བྱས་མྱོང་ལ།  ད་དུང་གངས་ལྗོངས་ཁུ་བྱུག་སྔོན་མོ་རྒན་བདུད་བྷེ་དང་མཉམ་དུ་དཀྲོལ་ལེན་དང་ཁོང་ལ་རམ་དཀྲོལ་པ་དང་དེ་བཞིན་རྒན་རྡོ་རེད་དང་གཡུ་རྩེའི་བུ་རྒྱུད་ཤེར་བསྟན།གངས་ཅན་པ་སྒྲོལ་མ་སྐྱབས་གངས་རིའི་སྒྲོལ་མ་བཀྲ་ཤིས་སྒྲོལ་མ་ཅོ་ནེ་སྙིང་མོ་སྐྱིད་སོགས་གཞས་པ་གཞས་མ་མང་པོ་ལ་འོད་སྡེར་འགའི་ནང་དུ་རམ་དཀྲོལ་ཡང་གནང་བ་མ་ཟད་གླུ་བ་གླུ་མ་མང་པོར་ཚིག་དང་དབྱངས་སོགས་ཀྱིས་མཐུན་རྐྱེན་ཡང་མང་པོ་སྦྱར།   2013ལོར་གངས་ལྗོངས་ཁུ་བྱུག་སྔོན་མོ་རྒན་བདུད་བྷེ་དང་རྒན་རྡོ་རེད། སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས་གསུམ་གྱིས་གཙོ་སྒྲུབ་གནང་བའི་ཆེས་ཐོག་མའི་དྲྭ་ཐོག་གི་རྡུང་ལེན་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། ལོ་དེར་ཁོ་བོའི་གླུ་གཞས་བརྩམས་ཆོས་སྟེ༼སྨྲེ་སྔགས་ཐེངས་གཅིག་༽ཡོངས་གྲགས་སུ་༼ཡིད་བཞིན་ནོར་བུ ་༽ཞེས་པ་དེར་བོད་ཕྱི་ནང་གཉིས་ཀ་ནས་དགའ་བསུ་ཆེན་པོ་ཐོབ་པ་དང་ཉན་མཁན་མང་པོའི་སེམས་སུ་བག་ཆགས་ཟབ་མོ་བཞག   གཞས་མ་ཚེ་དབང་ལྷ་མོ་སོགས་རྒྱལ་ཕྱི་ནང་གི་བོད་ཀྱི་གཞས་པ་གཞས་མ་མང་བོས་ཀྱང་བསྐྱར་ལེན་དང་གདེང་འཇོག་མཐོན་པོ་ཐོབ། ད་ལྟ་ཁོ་བོས་ལས་བྱེད་པ་ཞེས་པའི་གོ་གནས་དེ་ལ་གྱེས་ཕྱག་བཞག་ནས་སྒྱུ་རྩལ་ལས་རིགས་ལ་འབད་བརྩོན་རྒྱུན་འཁྱོངས་དང།  ཁོ་བོ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་དགེ་རྒན་དང་ཕ་མ་སྤུན་མཆེད་སོགས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་ཚིག་དང་དབྱངས་བརྙན་སོགས་གང་ཅིའི་ཐད་ནས་ཆེད་སྒྲིག་བརྙན་འཁོར་སྤུས་ལེགས་ཞིག་བསྐྲུན་རྒྱུའི་ཕྱོགས་ལ་གྲ་སྒྲིག་གནང་བཞིན་མཆིས། 

         བ་དོ་བཀྲ་ཤིས་དབང་རྒྱལ་གྱི་སེམས་གཏམ། 

        སྤྱིར་ངག་ནས་གཞས་གཏོང་ཤེས་པ་ཙམ་གྱིས་ཚད་ལྡན་གྱི་གླུ་བ་མི་ཟེར་ལ། གཙོ་བོར་སྐད་ངག་སྙན་མོ་ཞིག་ཡོད་པའི་རྨང་གཞིའི་སྟེང་གླུ་གར་ལ་སྤྲོ་བ་ཡོད་པ་དམངས་གླུ་སོགས་གཞས་མང་པོ་ལ་རྒྱུས་ལོན་དགོས་པ་དང་།   ལྷག་པར་དུ་བོད་ཀྱི་ཚད་ལྡན་གྱི་གླུ་བ་ཞིག་ཡིན་ན་མ་མཐའ་ཡང་བོད་ཀྱི་དམངས་ཁྲོད་གླུ་དབྱངས་སོགས་ལ་ཆ་རྒྱུས་ཡོད་པ་དང་བོད་ཀྱི་རིག་གནས་ཀྱི་ཚད་ངེས་ཅན་ཡོད་དགོས་པར་འདོད།  དེ་བས་རང་ཉིད་ཀྱང་གླུ་གར་སྒྱུ་རྩལ་ལ་དགའ་བ་ཡོད་མཁན་ཙམ་ལས་རང་ཉིད་ཚད་ལྡན་གྱི་གླུ་བ་ཞིག་ཡིན་འདོད་ཀྱིན་མེད།  མ་འོངས་པར་འུ་ཅག་ཚང་མས་བོད་ཀྱི་ངོམ་ཆོག་ཆོག་གི་སྲོལ་རྒྱུན་གླུ་གར་རིག་གནས་སྟེ་དམངས་གླུ་དང་སྒྲ་སྙན་དཀྲོལ་ལེན། ལ་གཞས་སོགས་ལ་གཅེས་སྤྲས་ལེགས་པོར་གནང་ནས་དེ་དག་གི་རྨང་གཞིའི་སྟེང་ལ་དེང་རབས་ཀྱི་ལེགས་པའི་ཆ་མང་པོ་ནང་འདྲེན་བྱས་ནས་བོད་ཀྱི་གླུ་གར་སྒྱུ་རྩལ་ལ་སྔར་མེད་ཀྱི་ལང་ཚོ་གསར་བ་ཞིག་བསྐྲུན་རྒྱུ་ནི་གལ་ཆེན་པོར་འདུག   སྤྱིར་མི་རིགས་ཤིག་གི་སྲོལ་རྒྱུན་གྱི་གླུ་གར་སྒྱུ་རྩལ་སོགས་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་ནི་མི་རིགས་དེའི་རྗེས་རབས་པ་ཚོའི་ཕྲག་སྟེང་ལ་བབས་པའི་འོས་འགན་ཉག་གཅིག་རེད་སྙམ་གྱིན་ཡོད།  མཐར་བོད་ཀྱི་གླུ་གར་སྒྱུ་རྩལ་ལ་ལང་ཚོ་གསར་བ་ཞིག་བཞད་པའི་སྨོན་འདུན་ཞུ།  བཀྲ་ཤིས་བདེ་ལེགས།

       གཞས་ལ་གསན་རོགས།  http://music.tibet3.com/music/playlist/2014-09-10/183.html