གཡང་མོ་སྒྲོལ་མ། ཀློག་གྲངས། གཡང་མོ་སྒྲོལ་མ།

༈ མཚམས་སྦྱོར་མདོར་བསྡུས།

       གཡང་མོ་སྒྲོལ་མ།(པུར་མིང་ལ་ཤ་བོ་སྐྱིད་ཟེར)ནི1999ལོར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རྩིས་རིག་སྡེ་ཁག་ནས་སློབ་མཐར་ཕྱིན་ལ། 2006ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་རོལ་དབྱངས་སྡེ་ཁག་ནས་དངོས་གཞི་སློབ་མཐར་ཕྱིན།

       ལོ་ངོ་བཅོ་ལྔ་ལྷག་གི་རིང་ལ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་རྩིས་རིག བོད་ཀྱི་དམངས་གླུ་དང་རྩེད་རིགས་སོགས་དམངས་སྲོལ་སྒྱུ་རྩལ་གཙོ་བྱས་པའི་གླུ་དབྱངས་སློབ་ཁྲིད། གླུ་དབྱངས་ཆེད་ལས་ཀྱི་སློབ་མ་མང་བོ་སྐྱེད་སྲིང་བྱས་ཡོད་པ་དང་། ཞོར་དུ་གླུ་དབྱངས་སློབ་ཁྲིད་ཞིབ་འཇུག་གི་གོམ་ཁ་བསྐྱུར་མ་མྱོང་བར《བོད་ཀྱི་སློབ་གསོ》དང《མང་ཚོགས་སྒྱུ་རྩལ》སོགས་དུས་དེབ་མང་པོའི་སྟེང་དུ་དཔྱད་རྩོམ་དང་གླུ་དབྱངས་བརྩམས་ཆོས་གང་མང་སྤེལ་ཡོད་ལ། 《གླུ་དབྱངས་སློབ་ཁྲིད་ཀྱི་གནས་བབས་དང་བཅོས་བསྒྱུར་བྱེད་ཐབས་སྐོར་རགས་ཙམ་གླེང་བ》ཞེས་པ་རྨ་ལྷོ་ཁུལ་དགེ་རྒན་ཡོངས་ཀྱི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

        ཁོ་མོ་རང་རིགས་ཀྱི་སྲོད་རྒྱུན་རིག་གནས་ལ་དུངས་བ་ཆེ་ཞིང་། བོད་གླུ་ལེན་པར་དགའ་བས། སློབ་ཆུང་ནས་སློབ་ཆེན་བར། ཁྲོམ་ར་ཆེ་ཆུང་གང་མང་སྟེང་། དགེ་རྒན་གཡང་མོ་སྒྲོལ་མའི་ལྷད་མེད་ཀྱི་བརྩེ་བའི་འཛུམ་ཆུང་དང་སྙན་འཇེབས་ཀྱི་གླུ་སྒྲས་རྟེན་འབྲེལ་ཐོག་མས་བཀྲ་ཤིས་གཡང་སྒོ་བྱས་མྱོང་། པན་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་འདེབས་མཛད་པའི་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་ཐོན་པའི་དགའ་སྟོན་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སློབ་རའི་འགྱུར་ཁུགས་ཀྱི་མགོ་བརྩམས་པའི་དགའ་སྟོན་མཛད་སྒོའི་གླུ་སྒོ་ཕྱེས་ཞིང་། ལྷག་པར་དུ། ཉིས་སྟོང་བཅོ་ལྔ་ལོར། ཨ་མདོ་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་གཡང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོར《བོད་ཁ་བ་ཅན་ལ་གླུ་ཞིག་ལེན》ཞེས་པའི་གླུ་སྒོ་ཕྱེས་བས། གངས་རིའི་ཕྱི་ནང་ཀུན་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བགས་ཆགས་ཟབ་མོ་བཞག་སྟེ་དགའ་བསུ་ཚད་མེད་ཐོབ་བཞིན་ཡོད་པ་དང་། བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་བྱ་དགའ་གནང་བའི་མཛད་སྒོ་སྟེང་དུ་ཡང་གདན་ཞུ་གནང་། ཁོ་མོས་བཤད་རྒྱུར། ཨ་མདོ་བརྙན་འཕྲིན་ཁང་དང་། ཀྲུང་གོ་བོད་ཀྱི་དྲ་བ་སོགས་གཙོ་བྱས། གངས་རི་ཕྱི་ནང་ཀུན་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་བ་དང་ཆབས་ཅིག རང་ནུས་ཅི་ལྕོགས་ཀྱིས་ནང་མི་སྤུན་ཟླ་ཡོངས་ལ་ཁ་དྲོ་བཀྲ་ཤིས་པའི་གླུ་གཞས་གང་མང་ཞིག་ཕུལ་བའི་འདུན་པ་ཡོད།

       གཞས་ལ་གསན་རོགས། http://music.tibet3.com/music/playlist/2014-09-04/182.html