ཡོན་ཏན་མགོན་པོ། ཀློག་གྲངས། ཡོན་ཏན་མགོན་པོ།

༈ མཚམས་སྦྱོར་མདོར་བསྡུས།

        གླུ་བ་ཡོན་ཏན་མགོན་པོ་ནི་སྤྱི་ལོ1984ལོར་མདོ་སྨད་རྔ་བར་སྐྱེས།  ཁྱིམ་གྱི་ཆ་རྐྱེན་དབང་གིས་ཆུང་དུས་སུ་སློབ་ཆུང་འགྲིམ་པའི་གོ་སྐབས་མ་རེག    ཡིན་ཡང་རང་ལོ13སྟེང་ནས་གྲོགས་པོ་ཁ་ཤས་དང་མཉམ་དུ༼གངས་ཕྲུག་གི་སྤྲོ་གླུ༽ཞེས་པའི་སྒྲ་ཐག་སྤྱི་ཚོགས་སུ་བཀྲམ་རྗེས་ཁོ་ལ་དགའ་བསུ་དང་གདེང་འཇོག་ཚད་མེད་ཐོབ།  དེའི་རྗེས་སུ་ལྷ་ས་དང་འགྲམ་ནས་ལོ་ངོ་གཅིག་ཙམ་གྱི་རིང་ལ་ནང་མ་གླུ་ཁང་སོགས་ནས་གཞས་བཏང་།   ཁོ་བོ་གླུ་ལེན་སྒྱུ་རྩལ་ལ་ཧ་ཅང་དགའ་བས་ནང་མ་གླུ་ཁང་སོགས་ནས་ཁོ་བོའི་རེ་འདོད་དེ་ཅི་བཞིན་བསྐངས་མ་ཐུབ།  དེ་བས་ཁོ་བོའི་གོམ་ཁ་དེ་ཡང་ནང་མ་གླུ་ཁང་ནས་ཤེས་རིག་གི་སློབ་གླིང་ལ་བསྒྱུར་ཅིང་མི་ལོ་དྲུག་ཙམ་གྱི་ཡུན་ལ་དཀའ་སྤྱད་སྡུག་རུས་བྱས་ཏེ་མཐར་ཀུན་སྤྱོད་ལེགས་ལ་སྦྱངས་འབྲས་འཛིན་གྲྭའི་རྩེ་མོར་གྱུར་བའི་སློབ་མ་ཡ་རབས་ཤིག་ཏུ་གྱུར།  ལོ་ངོ་དེ་དག་གི་རིང་ལ་རྒྱལ་ཁབ་ཕྱི་ནང་གི་གནའ་དེང་གི་རོལ་མོ་སྒྱུ་རྩལ་པ་མང་བོའི་དྲུང་ནས་རོལ་ཆ་དཀྲོལ་རྡུང་དང་རོལ་མོའི་གཞུང་ལུགས་མང་བོ་ལ་ཐོས་བསམ་བྱས་མྱོང་།   སྤྱི་ལོ་2003ལོར་ཕྱིར་ཕ་ཡུལ་ལ་ལོག་ནས་ལོ་འགར་དབྱིན་ཡིག་གི་དགེ་རྒེན་གྱི་ཕྱག་ལས་གནང་།  དེ་ནས་རིམ་བཞིན་རྒྱ་ནག་ཁྲི་འདུ་སོགས་ནས་རོལ་མོ་སྒྲིག་བཟོ་ཆེད་མཁས་པ་དུ་མའི་དྲུང་ནས་ལོ་ངོ་དུ་མར་རོལ་མོ་སྒྲིག་བཟོ་ལ་ཟབ་སྦྱོང་བྱས།  སྤྱི་ལོ་2007ལོར་དངོས་སུ་དབྱངས་དང་རོལ་མོ་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་ད་ལྟའི་བར་དུ་དབྱངས་དྲུག་ཅུ་ཙམ་གསར་རྩོམ་དང་རོལ་མོ་བརྒྱ་ཕྲག་ཙམ་སྒྲིག་བཟོ་བྱས། ཁོ་བོས་བོད་ནང་གི་སྐད་གྲགས་ཆེ་བའི་གླུ་བ་ཤེར་བསྟན་དང་བསམ་ཁོ་གླུ་མ་ཚེ་དབང་ལྷ་མོ་སོགས་དང་གསར་སྐྱེས་གཞས་པ་གཞས་མ་མང་བོ་ལ་གཞས་གདངས་དང་རོལ་མོ་གསར་རྩོམ་དང་ལྷག་བསམ་རྣམ་དག་གིས་མཛུབ་སྟོན་ཡང་ཡང་གནང་བས་ཁོ་ལ་བོད་པའི་སྤྱི་ཚོགས་དང་ལྷག་པར་གཞོན་སྐྱེས་གཞས་པ་གཞས་མ་མང་བོས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད།   མདོར་ན་ཁོ་བོ་ནི་བོད་དབྱིན་སྐད་གཉིས་ཐོག་ནས་གཞས་གཏོང་མཁན་དང་གནའ་དེང་ཟུང་གི་དབྱངས་རྩོམ་མཁན་དེང་རབས་ཀྱི་རོལ་མོ༼MIDI༽སྒྲིག་བཟོ་པ་དང་བོད་པའི་རེ་བ་ཅན་གྱི་ན་གཞོན་སྒྱུ་རྩལ་པ་ཞིག་རེད།   དགའ་འོས་པ་ཞིག་ལ་ཁོ་བོས་བོད་ཁུལ་གྱི་གཞས་པ་གཞས་མའི་འབྱོར་པ་ཞན་པ་ལ་དམིགས་ནས་སྤྱི་ལོ2013ལོའི་ལོ་སྨད་ལ་ཨ་མདོ་རྔ་བ་རུ་༼རྔ་ལྷ་སྒྲ་བརྙན་སྒྲིག་སྦྱོར་ལྟེ་གནས་༽ཞེས་པའི་སྒྱུ་རྩལ་ལས་ཤག་ཅིག་བཙུགས། ལས་ཤག་དེའི་ནང་དུ་དབྱངས་དང་རོལ་མོ་གཞས་ཚིག་གསར་རྩོམ་དང་།  སྒྲ་ལེན་དང་སྒྲ་སྒྲིག་བཟོ་བརྙན་ལེན་དང་བརྙན་སྒྲིག་བཟོ་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད།    །

གཞས་ལ་གསན་རོགས། music.tibet3.com/music/playlist/2014-07-09/169.html