གནམ་ལྕགས་རོལ་ཚོགས། ཀློག་གྲངས། གནམ་ལྕགས་རོལ་ཚོགས།

༈ མཚམས་སྦྱོར་མདོར་བསྡུས།

        “གནམ་ལྕགས ”རོལ་ཚོགས་ནི་བོད་རིགས་ཕོ་གསར་དྲུག་ལས་གྲུབ་པ་ཡིན་ལ། ཁོང་ཚོའི་ཁྲོད་དུ་ཆེད་མངགས་རོལ་དབྱངས་སྦྱངས་མྱོང་མཁན་གཉིས་ལས་མེད།   དེའི་གཅིག་ནི་རྔ་པ་བསྟན་འཛིན་ཟླ་བ་ཡིན་པ་དང་ ཅིག་ཤོས་ནི་པེ་སི་གཏོང་མཁན་བཀྲ་ཤིས་ཕུན་ཚོགས་རེད། ཁོང་ཚོ་རང་གིས་ངོ་སྤྲོད་བྱས་པ་ལྟར་ན། རྔ་པ་བསྟན་འཛིན་ཟླ་བ་ནི་རོལ་ཚོགས་འདིའི་ཁྲོད་ཀྱི་ལོ་ན་རྒན་པའི་གྲས་ཡིན་ལ་རུ་ཁག་འདིའི་གྲུབ་ཆ་གཙོ་བོ་ཡང་ཡིན་ཏེ་ཆུང་དུས་ནས་གཡུག་ལྡེམ་རོལ་ཆར་ཞེན་ཆགས་ཤིང་ “བོད་ལྗོངས་ཀྱི་གཡུག་ལྡེམ་རོལ་ཆ་གསར་གཏོད་པ་དང་པོ་”ཞེས་འབོད་སྲོལ་འདུགལོ་ལྔའི་གོང་ལ་ཁོང་གིས་ལྷ་སར་བོད་ལྗོངས་ཨར་ཁང་རོལ་དབྱངས་རིག་གནས་རྟེན་གཞི་སྟེ་གློག་མེད་རོལ་དབྱངས་ཨར་ཁང་གསར་དུ་བཏབ་པ་རེད། ཨར་ཁང་དེའི་ཐུན་མིན་གྱི་ཁྱད་ཆོས་ཀྱིས་མི་རིགས་ཀྱི་རོལ་དབྱངས་ལ་དེ་བཞིན་དམིགས་བསལ་གྱི་དགའ་ཞེན་བྱེད་པའི་ན་གཞོན་བཀུག་པ་རེད།
རོལ་ཚོགས་དེའི་ཁོངས་མི་ཚང་མར་རང་རང་གི་ལས་ཀ་གཏན་འཇགས་རེ་ཡོད་ཅིང་ པེ་སི་གཏོང་མཁན་བཀྲ་ཤིས་ཕུན་ཚོགས་ནི་སློབ་འབྲིང་གི་རོལ་དབྱངས་དགེ་རྒན་ཞིག་ཡིན་པ་དང་ དུས་མཚུངས་སུ་རོལ་ཚོགས་ཀྱི་འགོ་གཙོ་ཡང་རེད། གླུ་བ་གཙོ་བོ་བསོད་ནམས་བསྟན་འཛིན་ཆུང་དུས་ནས་ཞབས་བྲོ་རྦུངས་ཤིང་བོད་ལྗོངས་གླུ་གར་ཚོགས་པའི་ཞབས་བྲོ་རྒྱག་མཁན་ཡིན་པ་དང་ བསོད་ནམས་སྙན་གྲགས་ནི་འཇར་མན་སྐད་རིགས་ཀྱི་ཡུལ་སྐོར་སྣེ་ཤན་པ་ཡིན་ལ་རོལ་ཆ་རུ་ཁག་གི་ཅི་ཐ་གཙོ་བོ་གཏོང་མཁན་ཡང་རེད། ཅི་ཐ་མཉམ་འགྲོས་གཏོང་མཁན་བསོད་ནམས་ཉི་མ་ནི་རྩིས་བཤེར་པ་རེད།
ང་ཚོས་རོལ་ཚོགས་ཀྱི་མིང་ལ་“གནམ་ལྕགས ”ཞེས་འདོགས་དགོས་དོན་གང་ཡིན་སྐོར་གླེང་སྐབས་ཁོང་ཚོས་བཤད་དོན། “གནམ་ལྕགས ”ཞེས་པ་འདི་གསུང་ཆོས་ནང་དུ་གདོན་བགེགས་འཇོམས་པའི་སྔགས་ཆས་ཤིག་ཡིན་པར་འདོད་ཅིང་ དེ་ནི་བོད་ལྗོངས་གནས་མཆོག་གི་རིག་གནས་སམ་ཡུལ་སྲོལ་གྱི་ཚབ་བྱེད་འཁྲུལ་མེད་ཡིན་སྟབས་དང་ཐོག་གི་གཞི་འཛིན་ས་དེ་རང་ཡིན། གཞན་ཡང་ང་ཚོའི་གླུ་དབྱངས་སམ་རོལ་དབྱངས་ཀྱི་ཉམས་འགྱུར་ནི་སྲོལ་རྒྱུན་གྱི་འཆིང་རྒྱ་ལས་གྲོལ་ཏེ་ཅུང་རྣོ་ངར་ཆེ་བའི་ཆ་ལྡན་པས་ཡིན། གང་ལགས་ཞེ་ན་གཡུག་ལྡེམ་རོལ་དབྱངས་འདི་ཉིད་ལས་ཡར་རྒྱས་དང་དངོས་ཡོད་ཀྱི་བྱ་བ་མངོན་པར་གསལ་བ་ཡིན་པས། ང་ཚོའི་རོལ་དབྱངས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་མཛེས་སྡུག་ཇི་མ་ཇི་བཞིན་མཚོན་དགོས་ལ་སྤྱི་ཚོགས་དང་མི་གཤིས་ཁྲོད་དུ་གནས་པའི་ཕྱོགས་གཞན་ཞིག་ཀྱང་མཚོན་དགོས་པ་རེད། ”
    “རོལ་ཚོགས ”ཀྱིས་ཐད་ཀར་དོན་དངོས་དང་བསྟུན་པ་དང་ སྤྱི་ཚོགས་ལ་ཕྱོགས་པའི་ཐུན་མིན་གྱི་ཚོར་ཤེས་དང་ལྡོབས་སྐྱེན་པོར་བརྟེན་པ་དང་སྦྲགས་རོལ་དབྱངས་ཀྱི་རྣམ་པ་སྤྱད་དེ་སྤྱི་ཚོགས་དང་མི་གཤིས་ཀྱི་ཕྱོགས་གཞན་ཞིག་གསལ་སྟོན་བྱེད་ཀྱི་ཡོད།
  དེ་ཡང་སྔར་ཡོད་དམངས་གཞས་ཀྱི་རྨང་གཞིའི་ཐོག་《འདོད་སེམས 》དང་ 《རིག་འཛིན་དབང་མོ། 》《ལྷའུ་དར་པོ 》སོགས་རོལ་དབྱངས་བརྩམས་ཡོད་པས་མི་རབས་ནས་མི་རབས་བར་བློ་དཀར་སེམས་དཀར་གྱིས་བྱམས་སེམས་དང་མཛེས་སྡུག་ལ་བསྟོད་པའི་གླུ་དབྱངས་ལེན་པའི་མི་རིགས་ཀྱི་རོལ་དབྱངས་ལ་མྱོང་ཚོར་དང་བསམ་གཞིགས་གསར་པས་ཕྱུག་པ་བྱས་པ་རེད།
《ལྷའུ་དར་པོ་》ཞེས་པ་ནི་ཆེད་བསྒྲིགས་ནང་གི་གོ་དོན་ཆེས་ཆེར་ལྡན་པའི་གླུ་གཞས་ཤིག་ཡིན་པ་དང་ ལྷའུ་དར་པོ་རང་ནི་བོད་མི་རིགས་ཁྲོད་དུ་དར་ཁྱབ་ཆེ་བའི་རྟོག་བཟོའི་མི་སྣ་ཞིག་ཡིན་ཞིང་ ཡབ་ཀྱི་ཚབ་ཏུ་དམག་ཞུགས་བྱེད་པའི་དཔའ་བོ་ཆུང་ངུ་ཞིག་གི་སྐོར་བརྗོད་པ་རེད། འོན་ཀྱང་ཁོང་ཚོས་མི་སྣ་དེ་སྤྱི་ཚོགས་ཐོག་གི་ནུས་མེད་ཉམ་ཞན་དང་ཕུགས་བསམ་མེད་པ། གཏམ་འདོད་ཚ་ལ་གྲུབ་འབྲས་དང་དངུལ་ཁོ་ནར་རྔམ་པ་བཅས་ཀྱི་སྐྱེ་བོའི་ཚབ་ཏུ་སྤྱད་ནས་ཁ་ཚིག་རྩུབ་པོའི་འཕ་སྨོད་བྱེད་ཅིང་ གཙོ་ཆེ་ཤོས་ཤིག་ནི་གླུ་གཞས་དེ “hip-hop”ཞེས་པའི་རྣམ་པའི་ཐོག་ནས་བརྩམས་པ་ཡིན་སྟབས་མཇུག་འབྲས་ལ་ཚིག་ངན་གྱི་འཕ་སྨོད་དེ་ལྟ་བུ་ཡང་ཟུར་ཟའི་ཚུལ་ཙམ་དུ་སྣང་བ་ཡིས་གོ་དོན་སྔར་བས་གཏིང་ཟབ་པོར་གྱུར་པ་རེད། རོལ་ཚོགས་ཁྲོད་པི་ཝང་མཉམ་འགྲོས་གཏོང་མཁན་བསོད་ནམས་ཉི་མས་“ཕྲན་གྱི་བསམ་པར་གཞས་མ་གཏམ་གྱི་དབྱངས་འགྲོས་དེ་ལས་མི་སེམས་ལ་གཡོ་འགུལ་ཆེས་ཆེར་ཐེབས་པར་སྙམ། དཔེར་ན་རོལ་དབྱངས་དེ་རིགས་ཅུང་དལ་བའི་འགྱུར་ཁུག་ལ་བརྟེན་ནས་གླུ་ལ་བླངས་ན་གོང་སྨོས་ཀྱི་ཚད་དེར་སླེབས་ཐུབ་བཟོ་མེད་པས་གཞས་མ་གཏམ་གྱི་དབྱངས་འགྲོས་ཀྱི་རྣམ་པ་སྤྱད་ན་གནད་ཐོག་ཏུ་འཁེལ་བ་རེད་”ཅེས་འགྲེལ་བཤད་དེ་ལྟར་བྱས་བྱུང་ 《ལྷའུ་དར་པོ 》ཞེས་པ་དེ་གཞས་གདངས་ཐོག་སྔོན་ལ་བོད་རིགས་ཀྱི་བྱིས་གླུ་དང་ཟུར་གླུའི་འགྱུར་ཁུག་སྤྱད་ཁར་ད་ལྟ་དར་སོ་ཆེན་པོ་བྱེད་པའི “hip-hop”དབྱངས་འགྲོས་མཉམ་བསྲེས་བྱས་པས་གླུ་གཞས་དེ་གོ་ཐེངས་དང་པོ་ཡིན་པའི་སྐྱེ་བོ་ཚང་མར་ཡོངས་སུ་གསར་པ་ཡིན་ལ་རྒྱུས་མངའ་ཡང་ཡོད་པའི་ངོ་མཚར་ཅན་གྱི་ཚོར་སྣང་ཞིག་ཡོང་བར་བྱེད་ཐུབ་པ་རེད།    །