首页 > རོལ་མོ། > འཕྲིན་གསར།འཕྲིན་གསར།

སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་བརྩམས་ཆོས་ལ་བྱ་དགའ་ཐོབ།

2015-09-17 17:33:41 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བང་ཡིན་དང་སྟོབས་རྒྱས་ནས་སྤེལ། ཀློག་གྲངས།

001.jpg
དྲིལ་སྒྲོག་པར་རིས།

002.jpg
འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་ཉེ་པར།

བོད་ཀྱི་སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་གློག་བརྙན་བརྩམས་ཆོས《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ལ། ཉེ་སྔོན་ཧེ་ཁུག་ཏུ་བསྡུས་པའི་རྒྱལ་ཡོངས“ལང་ཚོའི་སྟོབས”ཅེས་པའི་གློག་བརྙན་ཐུང་བའི་འགྲན་རྩོད་ཁྲོད། གློག་བརྙན་སྟོང་གཅིག་དང་དགུ་བརྒྱ་ལྷག་གི་གྲས་སུ། འགྲན་རྩོད་བརྒྱུད་ནས་མཇུག་མཐར་ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ།

གློག་བརྙན་འདི་ལས་བོད་རིགས་བྱིས་པ་ཞིག་གི་སེམས་ཁམས་དང་ཕུགས་འདུན་དེ་ཤུག་སྡོང་ཁེར་སྐྱེས་ཤིག་གི་འོག་ནས་ཤུགས་བསྟན་གྱིས་མཚོན་ཡོད་པ་ཞིག་ཡིན་ལ། དཔྱད་བརྗོད་པའི་་གློག་བརྙན་འདི་ལ་སྤྱིར་བཏང་གི་འཚོ་གཏམ་རྒྱུད་ཅིག བསམ་ཡུལ་འདས་པའི་གཟུགས་བརྙན་མཚོན་ཐབས་སྤྱད་དེ་།གོ་དོན་ཟབ་པའི་མི་ཚེ་རིན་ཐང་ཞིགཁུ་སིམ་པའི་དུས་ཚོད་ཅིག་གི་ནང་། རྗིད་ཏིག་ཏིག་གི་སེམས་ཚོར་ཞིག་དང་། འོད་སྣང་གི་སྟོབས་ཤུགས་དང་བཅས་ང་ཚོའི་བགོས་སྐལ་ལ་བསྩོལ་ཡོད་ཅེས་གདེངས་འཇོག་བྱས།

ཕ་ཡུལ་མང་རྫོང་དུ་ཡིན་པའི་བདུད་རྩི་སྐྱིད་ནི་པེ་ཅིན་དུ་གློག་བརྙན་གྱི་འཁྲབ་ཁྲིད་དང་འཁྲབ་གཞུང་ཡི་ཆེད་ལས་ལ་བརྩོན་བཞིན་པའི་བོད་ཀྱི་སྐྱེས་མའི་འཁྲབ་འཁྲིད་པ་ཞིག་ཡིན། ཁོ་མའི་གློག་བརྙན་《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཅེས་པ་འདི་ནི་སྔ་རྗེས་སུ་གློག་བརྙན་དུས་ཆེན་དག་ཏུ་བྱ་དགའ་མང་པོ་ཐོབ་པའི་བརྩམས་ཆོས་ཤིག་ཡིན།

གློག་བརྙན་འདིར་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་ཐུང་བའི་དུས་ཆེན་ནང་ཕུལ་བྱུང་གཏམ་རྒྱུད་ཀྱི་བྱ་དགའ་དང་། སྐབས་གཉིས་པའི་ཀྲུང་གོའི་ཁྲུང་ཆེན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་སྟེང་དཔྱད་འདེམས་པའི་བྱ་དགའ་ཆེན་མོ་དང་།ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ།སྐབས་གཉིས་པའི་ཨ་རུའི་ཅིག་ཅིན་ཧྲན་ཡ་གླིང་སློབ་ཆེན་གློག་བརྙན་དུས་ཆེན་ནང་།ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་འདམས་ཐོན་བྱ་དགའ་ཐོབ་པ།པེ་ཅིན་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་ཁྲོད་དཔྱད་གདམས་པའི་བྱ་དགའ་ཐོབ་པ་དང་།ཉིས་སྟོང་བཅོ་ལྔའི་ལོའི་རྒྱལ་ཡོངས་་ལང་ཚོའི་སྟོབས་་གློག་བརྙན་ཐུང་བའི་འགྲན་བསྡུར་ཁྲོད་ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ། 2014ལོར་རྒྱལ་ཡོངས་སློབ་ཆེན་མཉམ་འབྲེལ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མའི་བརྩམས་ཆོས་ལ་གདམས་ནས།གཟེངས་རྟགས་བྱ་དགའ་གནངས།

ཉིན་འགའི་སྔོན་བརྡ་འཕྲིན་འབྱོར་བ་ལྟར་ན། གློག་བརྙན་འདི་སྐབས་གསུམ་པའི་ཧྲིན་ཀྲིན་རྒྱལ་སྤྱིའི་གློག་བརྙན་ཐུང་བའི་འགྲན་རྩོད་ཁྲོད་ཀྱི་འདེམས་སྒུག་གློག་བརྙན་ནང་ཚུད་པ་རེད། 《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཅེས་པའི་གློག་བརྙན་བརྩམས་ཆོས་འདི་ནི།མིག་སྔར་བོད་ཀྱི་སློབ་ཆེན་སློབ་མའི་བརྩམས་ཆོས་ཁྲོད་ཕུལ་བྱུང་གཏམ་རྒྱུད་ཀྱི་བྱ་དགའ་མང་པོ་ཐོབ་པའི་རྒྱལ་ཡོངས་རང་བཞིན་གྱི་ཆེས་ཕུལ་བྱུང་གློག་བརྙན་ཞིག་དང་།ཉེ་བའི་ལོ་འདི་འགའི་རིང་བོད་ཀྱི་ཕུལ་བྱུང་གློག་བརྙན་བརྩམས་ཆོས་ཀྱི་གྲས་སུ་རྩིས་ཆོག་ཆོག་ཡིན་པའི་བོད་སྐད་ཀྱི་གློག་བརྙན་ཞིག་ཀྱང་རེད།
གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ནས་ཉེ་ལམ་གློག་བརྙན་གསར་བ་ཞིག་ཕབ་སྐྲུན་བྱེད་བཞིན་པའི་སྒང་ཡིན་སྟབས།དུས་ལྟར་ཧེ་ཁུག་གློག་བརྙན་བྱ་དགའི་ཚོགས་ཆེན་སྟེང་བྱ་དགའ་ལེན་དུ་འགྲོ་མ་ཐུབ་ཟེར།