མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་མཚོ་སྔོན་ཞིང་ཆེན་ཧི་ནན་རྫོང་དུ་ཕབ་སྐྲུན་བྱེད་མགོ་བརྩམས་པ།

2013-09-02 15:48:22 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བསམ་འཕེལ་ནོར་བུ། ཀློག་གྲངས།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྲོལ་རྒྱུན་གྱི་རྩྭ་ཐང་རིག་གནས་དང་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་མངོན་པར་མཚོན་ཞིང་། རྟ་མཆོག་གི་ལས་དབང་དང་འབྲེལ་ནས་མིའི་རང་གཤིས་བརྗོད་པའི་གློག་བརྙན《རྨ་ཁུག་གྱི་ལིང》ཞེས་པ་ཟླ7པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་ཕབ་སྐྲུན་བྱེད་པའི་མགོ་བརྩམས།

    《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། པེ་ཅིན་ཤར་ཕྱོགས་རོན་ཡིན་གློག་བརྙན་རིག་གནས་གསར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱེད་རྒྱུ་ཡིན་ལ། མིང་དུ་གྲགས་པའི་བོད་སྐདཀྱི་གློག་བརྙན་འཁྲབ་ཁྲིད་པ་རྡོ་གྲགས་ལགས་ཀྱིས་འཁྲབ་ཁྲིད་བྱེད་རྒྱུ་རེད། ཕ་ཡུལ་མཚོ་སྔོན་ནས་སྐྱེས་པའི་སྐུ་ཞབས་རྡོ་གྲགས་ལེགས་ནི་རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་གསར་རྩོམ་ལ་མཁས་པའི་སྙན་ངག་པ་ཞིག་དང་། རྒྱལ་ནང་དུ་བོད་ཡིག་གི་འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད་ཀྱི་འགན་གཅིག་ལྕོག་ཏུ་བཞེས་ནུས་པའི་གློག་བརྙན་པ་ཞིག་ཡིན། 2009ལོར། ཁོས་བརྩམས་ཤིང་འཁྲབ་ཁྲིད་གནང་བའི་ལེའུ8ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཁ་སང་གི་གཏམ་རྒྱུད》ཞེས་པར་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། བྱ་དགའི་རྟགས་མའང་གང་མང་ཐོབ་ལ་སྙན་པའི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ།

    《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་འདི་ནི་ན་ཏ་མུ་རྟ་རྒྱུགས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པའི་རྟ་མཆོག་གི་ལས་དབང་བརྗོད་གཞིར་བཟུང་ནས། སྲོལ་རྒྱུན་གྱི་རྩྭ་ཐང་རྟའི་རིག་གནས་དང་དེང་རབས་སྐྱ་རྩལ་རིག་གནས་དབར་གྱི་བརྗེ་རེ་དང་མཉམ་འདྲེས་ཀྱི་གོ་རིམ་ཁྲོད་བྱུང་བའི་གཏམ་རྒྱུད་བརྗོད་ནས། རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་བའི་མི་རྣམས་ཕན་ཚུན་གདོང་ཐུག་བྱེད་པ་ནས་ཕན་ཚུན་དང་ལེན་བྱས་པའི་གོ་རིམ་བརྗོད་དེ། སྲོལ་རྒྱུན་རྩྭ་ཐང་རྟའི་རིག་གནས་ཀྱི་གཏིང་ཟབ་པའི་བརྗོད་སྙིང་དང་དེང་རབས་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་གསལ་བཤད་བྱས་ཡོད།

    སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པའི་རྨ་ཁུག་གྱི་ལིང་ནི་ཀྲུང་གོར་མིང་དུ་གྲགས་པའི་རྟ་མཆོག་གསུམ་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། ལོ་རྒྱུས་སྟེང་གི་འཐབ་འཛིང་ཁྲོད་བྱས་རྗེས་ཆེན་པོ་བཞག་མྱོང་ཡོད། དུར་རྫས་རྫ་བཟོས་གྱད་རྟའི་ཁྲོད་ཀྱི་གཟུགས་ཆེ་ལ་ཤ་ཤེད་རྒྱས་པའི་དམག་རྟ་དེ་རིགས་ནི་རྨ་ཁུག་གྱི་ལིང་གི་ཡང་མེས་ཡིན་པ་བདེན་དཔང་བྱས་ཡོད། ཧི་ནན་རྨ་ཆུ་ཁུག་དགུའི་ཡུལ་གྱི་རྨ་ཁུག་རིག་གནས་ཁྲོད་དུ། རྟ་གསོ་བ་དང་། རྟ་གཡུང་ལ་ཕབས་པ། རྟ་རྒྱུགས་འགྲན་བསྡུར་བཅས་བརྗོད་བྱ་གཙོ་ཡིན་པའི་རྟའི་རིག་གནས་ནི་གནའ་ནས་ད་བར་དུ་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན། རྨ་ཁུག་གི་མཐོང་ཡངས་བའི་རྩྭ་ཐང་དུ། སོག་བོད་རིག་གནས་མཉམ་གནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། གནས་འདི་ན་འཚོ་བའི་མི་རྣམས་ཀྱིས་རྟའི་རང་གཤིས་དང་རྟ་གཡུང་ལ་ཕབས་པའི་ཐབས་བཀོལ་སྣ་ཚོགས་ཤེས་པས་ཁོ་ཚོ་ནི་རྩྭ་ཐང་སྟེང་གི“རྟ་སྐད་སྨྲ་མཁན”རེད་ཞེས་བརྗོད་ཆོག སྲོལ་རྒྱུན་གྱི་ན་ཏ་མུ་རྟ་རྒྱུགས་འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོ་ཐོབ་མཁན་གྱི་རྟ་ནི་རྩྭ་ཐང་ན་འཚོ་བཞེས་གནང་བཞིན་པའི་མི་རྣམས་ཀྱི་གཟི་བརྗིད་ཡིན་ལ། ཁོ་ཚོས་ཆེས་གཅེས་སུ་འཛིན་པའི་གྲོགས་པོའང་ཡིན། འོན་ཀྱང་། དཔལ་ཡོན་ཅན་དུ་བསྐྱོད་བཞིན་པའི་དེང་གི་དུས་འདིར་རྟའི་ལས་དབང་ལའང་འདྲ་མིན་སྣ་ཚོགས་ཀྱི་ཁེ་ཕན་རྐྱེན་བྱས་ནས་འགྱུར་ལྡོག་བྱུང་བཞིན་ཡོད། རྟ་དེ་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ནས་རིམ་གྱིས་མེད་པར་འགྲོ་བཞིན་པའི་དེང་གི་དུས་འདིར། རྨ་ཁུག་གྱི་ལིང་དེ་ཅི་ལྟར་འཛམ་གླིང་སྐྱ་རྩལ་འགྲན་བསྡུར་ལ་ཞུགས་རྒྱུ་ནི་རྩྭ་ཐང་ན་འཚོ་བཞེས་གནང་བཞིན་པའི་མི་རིགས་འདིའི་ངེས་པར་དུ་བསམས་གཞིགས་གཏོང་དགོས་པའི་འགྲན་རྩོད་གསར་བ་རེད།

《རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་ནི་འདི་ལྟ་བུའི་ལོ་རྒྱུས་རྒྱབ་ལྗོངས་སུ་བཟུང་ནས། རྟའི་ལས་དབང་དང་སྦྲེལ་ནས་རྟ་དང་མིའི་དེངས་རབས་སྤྱི་ཚོགས་བར་གྱི་རྙོག་དྲ་ཆེ་བའི་འབྲེལ་བ་བརྗོད་ཡོད་ཅིང་། རྩྭ་ཐང་རྟའི་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་པ་དང་མཉམ་དུ། དེང་རབས་ཀྲུང་གོའི་མི་རིགས་མང་པོའི་རིགས་གནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་རབས་ཀྱི་ཁྱད་ཆོས་མཚོན་ཡོད།  །