རྨ་ཆུའི་བསམ་གཏན། ཀློག་གྲངས། རྨ་ཆུའི་བསམ་གཏན།

༈ མཚམས་སྦྱོར་མདོར་བསྡུས།

པིར་མིང་ལ་རྡོ་རང་སྐྱེད་ཟེར། ཁོང་ནི་རི་མོ་དང་རོལ་མོ། རྩོམ་རིག་ལ་དགའ་བའི་ཨ་མདོ་རྨ་ཆུའི་འབྲོག་ཕྲུག་ཅིག་ཡིན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་ལ་ཚད་ལྡན་མིན་པའི་ཆུ་ཁ་མ་ཡུལ་ཚོའི་སློབ་ཆུང་ལོ་རིམ་བཞི་བ་བར་དུ་བཏོན། དེའི་སྐབས་གཞི་རིམ་གྱི་རྣམ་ཐར་འཁྲབ་སྟོན་པའི་ནང་ཇ་མཆོད་བར་གྱི་བྲོ་རྡུང་བའི་གྲས་སུ་ཚུད་དེ་བླ་བྲང་གི་རྣམ་ཐར་རྟ་དབྱངས་ཕལ་ཆེ་བ་བློ་ཐོག་དང་ངག་ཐོག་ཏུ་བྱང་བར་འགྱུར། དེ་ལྟར་བྱིས་དུས་ཀྱི་འཚོ་བ་མཚར་སྡུག་ལྡན་པའི་ལེའུ་དེ་རེ་ཞིག་རྫོགས་ཤིང་། ཁྱིམ་ཚང་གི་མཁོས་སྐལ་ཞན་པས་མུ་མཐུད་དུ་སློབ་འབྲིང་དུ་འགྲོ་བའི་གོ་སྐབས་མ་རེག་པར་ཁྱིམ་དུ་ལུས། རང་ལོ་བཅུ་གཅིག་ནས་ཕ་ལགས་ཀྱི་གམ་ནས་རི་མོ་སྦྱངས་ཤིང་ལོ་དེར་ཀན་ལྷོའི་ཉིན་རེའི་ཚགས་པར་རྒྱ་ཡིག་པར་ངོས་སུ་རི་མོའི་བརྩམ་ཆོས་སྤེལ་ཏེ་འབྲོག་པའི་རི་མོ་བ་ཆུང་ཆུང་ཞེས་པའི་མཚན་སྙན་ཐོབ།བརྩམ་ཆོས་ཚགས་དེབ་ཏུ་སྤེལ་བའི་ཐོག་མའང་ཡིན། རང་ལོ་བཅོ་ལྔ་ནས་བཟུང་བོད་རྒྱ་ཡིག་རིགས་གཉིས་གཙོར་བཟུང་ནས་རང་སྦྱོང་གི་དཀའ་བ་ཁུར་དུ་བླངས་ཏེ་རི་མོ་དང་རོལ་མོ། རྩོམ་རིག་གསུམ་ལ་ཁྱད་མེད་དུ་འབད་པ་བྱས། སྐབས་དེར་མ་ཞང་བདེ་གཤེགས་ཀྱི་གམ་ནས་རྡུང་ལེན་འཁྲིད་པ་དང་རྩོམ་རིག་ཀྱང་བསླབས། དགེ་སློང་བསོད་ནམས་རྒྱ་མཚོ་ལས་རྩིས་དང་སྙན་ངག་སོགས་བསླབས། བཀྲ་ཤིས་ཀྱི་གམ་ནས་རྒྱ་ཡིག་བསླབས། ལྷ་རྗེ་ཧྥན་ལགས་ནས་དབྱིན་ཡིག་ཀྱང་བསླབས། དེ་ལྟར་སྔ་ཕྱིར་བོད་ཡིག་གི་སྟེང་ནས་སྙན་ངག་དང་སྒྲུང་གཏམ། དཔྱད་བརྗོད་འགའ་རེ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་འགོད་ཐུབ་པ་བྱུང་། མདོར་ན་ད་རག་བར་བརྩམ་ཆོས་སྣ་ཚོགས་ལ་སྒྲུང་གཏམ་སུམ་ཅུ་ལོན་པ་དང་སྙན་ངག་སྟོང་ཕྲག་ལྷག་ལོན་པ། དཔྱད་བརྗོད་བཞི་བཅུ་ལྷག རྡུང་ལེན་གསར་བ་བརྒྱ་ལྷག ཟུར་རིས་གཙོའི་རི་མོའི་བརྩམ་ཆོས་བརྒྱ་ལྷག་བཅས་འགྲུབ་ཟིན་ཞིང་ཕུགས་བསམ་ཆེན་པོའི་སྟོང་འདང་མཐའ་མེད་པར་འཇུས་ཏེ་རང་གི་འཐབ་རྩོད་འདི་དམིགས་སུ་བཟུང་ནས་མ་ལྷོད་པར་ཡོད་ལགས།།